top of page
Search

ཚང་གསར་ལྷ་ལམ་འོད་གསལ་གླིང་གི་དགོན་པའི་ལོ་རྒྱུས་རགས་བསྡུས།



དགོན་པ་འདི་ཐོག་མར་བོད་རབ་བྱུང༡༠དང་༡༦༣༨ནས་ནང་ཆེན་གྲྭ་ནང་གི་གདུང་རྒྱུད་ལས་བྱུང་བའི་ཚང་གསར་རྡོ་རྗེ་འབུམ་གྱི་སྲས་ཀརྨ་བསྟན་སྐྱོང་གིས་ཕྱག་བཏབ་པ་ཡིན། གྲུབ་མཐའ་ནི་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་འབའ་རོམ་བཀའ་བརྒྱུད་ཡིན།

དགོན་འདི་ཉིད་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནས་སྤྱི་ལེ་༡༦༠མཚམས་སུ་ཡོད།

དགོན་འདིའི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་བདུན་ཙམ་ཡོད། རྒྱ་མཚོ་ནས་མཐོ་ཚད་སྨི་༤༤༥༠ཡོད།

དགོན་འདིའི་བླ་མའི་སྐུ་ཕྲེང་རིམ་བྱོན་ནི།


གདུང་རབས་བླ་མ་རྣམས་ཀྱི་མཚན།

༡༽ ཕུག་འདེབས་མཁན་ཀརྨ་བསྟན་སྐྱོང་དབང་པོ་དང་། ཀརྨ་བསྟན་སྐྱོང་དབང་པོའི་སྤུན་ཚང་གསར་ལྷ་སྲུང་གི་

སྲས་དབོན་ལྷ་འབུམ།

༣༽ དེའི་སྲས་ཚང་གསར་ཀརྨ། ༤༽ དེའི་སྲས་ཚང་གསར་དུང་རྒྱལ་དང་།

༥ སྲས་ཟུར་པ་དོན་འགྲུབ་གཉིས། ༽ དེའི་སྲས་རྣམ་རྒྱལ་དང་། ༧ ཕུན་དབང་གཉིས།

༨༽ དེའི་སྲས་ཨོ་རྒྱན་ཆོས་འཕེལ་དང་། ༩ མཁས་གྲུབ།

༡༠ བླ་ཆུང་པད་འགྲོ་གསུམ།

༡༡༽ ཨོ་རྒྱན་ཆོས་འཕེལ་སྲས། བསམ་གཏན་རྒྱ་མཚོ། ༡༢ ཚང་གསར་འཆི་མེད་རྡོ་རྗེ།

༡༣ གསང་བསྔགས།

༡༤ གཏེར་སྲས་སྤྲུལ་སྐུ།

སྲས་མོ། བཀྲ་ཤིས་འཆི་མེད། རིག་འཛིན་དཔལ་སྒྲོན། དེ་རྣམས་ཀྱི་མ་ཡུམ་ནི་གཏེར་ཆེན་མཆོག་གླིང་སྲས་མོ་དཀོན་

མཆོག་དཔལ་སྒྲོལ་ཡིན།

༥༽འཆི་མེད་རྡོ་རྗེའི་སྲས། ཚང་གསར་པདྨ་འཇིགས་མེད།

༡༦ ཚང་གསར་ཀརྨ་ཨོ་རྒྱན།

༡༧ ཚང་གསར་བསྟན་དགའ་རྡོ་རྗེ།

༡༨ ཚང་གསར་མཐུ་སྟོབས་རྣམ་རྒྱལ།

སྲས་མོ། མི་འགྱུར་ཆོས་སྒྲོན། ཚ་དགའ། ཚེ་དགའ་དཔལ་

འཛོམ། དེ་རྣམས་སྐུ་མཆེད།


དགོན་འདི་ཕྱག་འདེབས་མཛད་མཁན་ཀརྨ་བསྟན་སྐྱོང་དབང་པོ་དང་། ཀརྨ་བསྟན་འཕེལ། ཀརྨ་ཆོས་གྲགས་རྒྱ་མཚོ། ཀརྨ་རིན་ཆེན། ཚང་གསར་དུང་རྒྱལ། ཚང་གསར་པད་འགྲོ ཚང་གསར་འཆི་མེད་རྡོ་རྗེ། ཚང་གསར་པད་འཇིགས། ཀརྨ་ཨོ་རྒྱན། བསྟན་དགའ་རྡོ་རྗེ། མཐུ་སྟོབས་རྣམ་རྒྱལ། ཡབ་པད་འཇིགས་དང་ཡུམ་པད་བཟའ་ཆེན་ཆེན་གཡང་མཚོའི་སྲས་འཇིགས་མེད་རྡོ་རྗེ། དེའི་སྲས་ཀུན་དགའ་གཞོན་ནུ། ཚེ་དཔག་རྡོ་རྗེ་བཅས་གདུང་རྒྱུད་ཡབ་སྲས་བཅུ་བཞིར་བྱོན་ཡོད།

དགོན་འདིའི་བསྟན་པའི་བདག་པོ་ནི།

ཚང་གསར་འཇིགས་མེད་རྡོ་རྗེ་ཡབ་སྲས་གསུམ་དང་། གྲྭ་བཙུན་གྱི་རྣམ་གྲངས་ནི་གྲྭ་པ་བདུན་ཅུ་ཡས་མས་དང་། བསྟན་པའི་བདག་པོ་རང་གིས་ཟུར་འདེབས་མཛད་པའི་བཙུན་དགོན་སྟེ་ཡངས་དབེན་བདེ་ཆེན་ཆོས་འབུར་གླིང་དུ་བཙུན་མ་སུམ་བཅུ་ཡས་མས་ཙམ་ཡོད།

དགོན་འདིའི་ཁང་པའི་རིགས་ལ།

ཚོགས་ཆེན་འདུ་ཁང་ཆེན་མོ་དང་། ཚོམས་ཆེན། མགོན་ཁང་། ཚང་མང་། བླ་བྲང་ཐོ་སོ་གཉིས་ཅན་བཅས་མང་དུ་ཡོད།

ལོ་རེའི་དུས་མཆོད་ཀྱི་སྐོར་ལ།

ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་ཆེན། ཞི་ཁྲོའི་སྒྲུབ་ཆེན་དང་བར་དོའི་ངོ་སྤྲོད། ད་དུང་བར་དོ་ངོ་སྤྲོད་ཀྱི་གར་འཆམ་དང་ཚེས་བཅུའི་གར་འཆམ། གྲོ་ལོད་ཡས་ཟོར་དང་མགོན་པོའི་མདོས་ཆེན། ཕག་བདེ་རྒྱལ་གསུམ་གྱི་སྒྲུབ་མཆོད། སྔགས་གསོ། བཀའ་བརྒྱུད་མགུར་མཚོ། འབའ་རོམ་མགུར་མཚོ། འབའ་རོམ་གཅོད་ཚོགས། པདྨ་བཛྲ། བསྙུང་གནས། ཞིང་སྒྲུབ། ཚེ་དཔག ས་བདག་དབང་ཆེན། འབའ་རོམ་བསང་གསོལ་དང་རི་བསྟོད། དབྱར་གནས་དང་དགག་འབྱེ་སོགས་འཚོགས་ཡུན་ཞག་གྲངས་དགུ་བཅུ་ལྷག་ཙམ་ཡིན།

དགོན་དེ་ནས་བྱུང་བའི་མཁས་པའམ་མི་སྣ་གྲགས་ཅན་ནི། ཀརྨ་བསྟན་བསྟན་སྐྱོང་དབང་པོ་སོགས་སྐྱེས་ཆེན་དུ་མ་ཞིག་བྱོན་པ་ལས། ཚང་གསར་འགྱུར་མེད་རྡོ་རྗེའི་སྐུ་སྲས་ཆེ་བ་ཀུན་དགའ་གཞོན་ནུ་མཆོག་ནི། སྐུ་ན་གཞོན་དུས་ནས་ཀློག་བསླབས་ཤིང་མཆོག་གླིང་གཏེར་གསར་སྒྲུབ་ཁང་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བསྙེན་མཚམས་ལ་བཞུགས། དེ་རྗེས་ཁུ་བོ་བླ་མ་ཡབ་སྲས་རྣམས་མཇལ་དུ་འཕགས་བལ་དུ་བྱོན་ཞིང་འཕགས་ཡུལ་གྱི་གནས་ཆེན་ཁག་མཇལ་བ་དང་། གསར་རྙིང་རེས་མེད་ཀྱི་འཕགས་བོད་སྐྱེས་ཆེན་དུ་མ་མཇལ་ཞིང་དབང་ཁྲིད་གདམས་ངག་མང་དུ་ཞུས། འཕགས་བོད་ཀྱི་ཆོས་གྲྭ་འགའ་ལ་མདོ་སྔགས་ཀྱི་གཞུང་ཆེན་མང་དུ་གསན།

སྐུ་སྲས་ཆུང་བ་ཚེ་དཔལ་རྡོ་རྗེ་མཆོག་ནི་སྐུ་ན་ཆུང་དུས་ནས་ཀློག་བསླབས་ཤིང་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྦྱང་བ་གང་འཚམ་གནང་། དེ་རྗེས་འཕགས་ཡུལ་དུ་བྱོན་ནས་རྫོང་སར་བཤད་གྲྭར་ཞུགས། ད་ལྟའི་ཆར་གདུང་རྒྱུད་གོང་མ་རྣམས་ཀྱི་གདན་སར་མར་ཕེབས་ནས་མཛད་འཕྲིན་སྐྱོང་བཞིན་མཆིས། སྐྱེས་ཆེན་དེ་དག་ལས་འགའ་ཤས་ནི་རྟེན་དགེ་སློང་ཡིན་པ་དང་མང་ཤས་ནང་ཆོས་ཀྱི་སྙིང་དོན་སྒོམ་སྒྲུབ་ཁོ་ནས་སྐུ་ཚེ་བསྐྱལ་བས་གསུང་འབུམ་དང་གསུང་ཆོས་དེ་ཙམ་ང་ཚོའི་གོ་སྐལ་དུ་གྱུར་མེད།

དགོན་པའི་ཁོར་ཡུག་ནི།

སྟོད་ནས་གཟར་ཞིང་རླིང་བའི་གངས་རིའི་ཕྲེང་བས་མཛེས་ཤིང་། དེར་བརྗིད་ཅིང་རྔམ་པའི་བྲག་རི་དཀར་པོ་དང་། སྨད་ནས་དྭངས་ཤིང་གཙང་བའི་ཆུ་བོ། དེའི་འགྲམ་ལོག་ཀུན་ནས་མེ་ཏོག་སྣ་ཚོགས་དང་རྩི་ཤིང་རིགས་འདྲ་མིན་རྒྱས་ཡོད་པ་དང་། ད་དུང་དགོན་པའི་རྒྱབ་རི་རྒྱལ་བ་རྒྱ་མཚོའི་གནས་རིིར་གྲགས་པའི་གནས་མཆོག་རྡོ་རྗེ་གནམ་རྫོང་གི་བྲག་རིའི་ཞོལ་དང་དགོན་པའི་གོང་འོག་ཀུན་ནས་རི་དྭགས་ཤྭ་བ་དང་གནའ་བ་སོགས་མང་དུ་གནས། ད་དུང་རྒྱབ་རི་དེའི་བྲག་དཀྱིལ་དུ་མཚམས་ཕུག་རང་བྱོན་ཅན་དང་། དེ་རྒྱབ་ཇོ་མོ་གཡུ་ཡི་སྒྲོལ་མ། གནས་དེར་དབྱར་དུས་སུ་རི་དྭགས་རྣམས་དགོན་པའི་ཁོ་ར་ཁོག་ཡུག་ཀུན་ཏུ་དུང་ཞིང་ཚོགས། ད་དུང་འཛམ་གླིང་དུ་དཀོན་པའི་གཅན་གཟན་གསའ་རིགས་གང་མང་ཡོད། དེ་མིན་གཟིག དྲེད། འཕར་སྤྱང་སོགས་ཀྱང་མང་དུ་མཆིས།

དགོན་པའི་རྟེན་བཞེངས་ཀྱི་སྐོར་ལ།

བཤད་གྲྭ དཔེ་མཛོད་ཁང་། སྒྲུབ་ཁང་། ཡིག་གྲྭ སྒོམ་གྲྭ བཅས་ཡོད། དགོན་པའི་ཕྱིའི་གྲུབ་ཆ་ནི་རྡོ་གཡའ་ལེབ་དག་མིའི་ལག་བཟོས་ལས་གྲུབ་པས་ད་ལྟའི་ཆར་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།

དེ་ནས་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ།

སྐུ་རྟེན་ཆེས་རྙིང་པ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་བྱེ་མའི་ཨ་ཀྲཾ་དང་། གསར་དུ་བཞེངས་པའི་མདོ་སྔགས་སྟོན་པ་རྣམ་གཉིས། ཚེ་ལྷ་རྣམ་གསུམ། དེ་མིན་གསེར་གྱིས་བྲིས་པའི་ཐང་ག་མང་དུ་མཆིས།

དགོན་འདིའི་ལོ་རྒྱུས་རྒྱས་པ་འབའ་རོམ་གསེར་འཕྲེང་དང་དེ་མིན་དགོན་འདིའི་འབྲེལ་ཡོད་ལོ་རྒྱུས་མང་དུ་མཆིས་པས་དེ་ཚོར་གསན་གཟིགས་གནང་རོགས་ཞུ།

ཞེས་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ལོའི་བོད་ཟླ་གསུམ་པར་འཚོལ་སྡུད་དང་རྩོམ་སྒྲིག་བྱས།

109 views0 comments
Post: Blog2_Post
bottom of page