ཝ་རྫོང་ཆོས་གླིང་དགོན་གྱི་བྱུང་བ།

ཆོས་གླིང་དགོན་ཞེས་འབོད་པའི་དགོན་པ་འདི་ཡི་མཚན་དངོས་ནི་ངེས་དོན་ཆོས་འཁོར་གླིང་ངམ། གསང་ཆེན་ཆོས་འཁོར་གླིང་ཞེས་བྱ། དེ་ཡང་ཐོག་མར་ད་ལྟའི་གཙུག་ལག་ཁང་འདི་ཡི་མལ་དུ། དཀར་ཕྱོགས་ལེན་སའི་ལྷ་ཁང་ཞིག་དང་དེ་ཡི་ཟུར་དུ་པད་པུང་ཞིག་བཅས་ཡོད་པ་ལ། ཕྱིས་ཝ་རྫོང་ཞེས་པ་དགེ་བསྙེན་ཝ་རུ་ཎའི་ཡང་རྫོང་དུ་ཆགས་པ་སྐད་པས། མིང་ཝ་རྫོང་དུ་ཆགས། ཝ་རྫོང་གྲོང་ཚོ་དེར་སྔགས་རྒྱུད་ཚང་ཟེར་བའི་སྔགས་པའི་བརྒྱུད་པ་མ་ཆད་པའི་དུས་ཚང་གཅིག་ཡོད་པ་ལ། བུ་དར་རྒྱས་རྒྱ་མཚོ་ཞེས་པ་ཞིག་བྱུང་བ་དེ་ཉིད་སྡེ་དགེ་དཔལ་སྤུངས་སུ་བྱོན་ནས། བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་ཉིན་བྱེད་དབང་པོ་གཙུག་ཏུ་བསྟེན། དཔལ་དཔུང་ཀྱི་སྒྲུབ་གྲྭར་ལོ་གསུམ་དུ་སྒྲུབ་པ་མཛད། ཉམས་རྟོགས་ཀྱི་ཡོན་གཏན་ཐུགས་ལ་འཁྲུངས། བླ་མར་སངས་རྒྱས་སུ་ངེས་ཤེས་སྐྱེས། ཅི་བྱས་ཐམས་ཅད་བླ་མའི་བཀའ་བཞིན་སྒྲུབ་པའི་དམ་བཅའ་བརྟན་པོར་བཞུགས་པ་ལ། བླ་མའི་བཀའ་ཡིས་རང་ཡུལ་དུ་ལོག་ལ་དགོན་པ་ཞིག་ཐོབ་ཞེས་བསྐུལ་བ་ན། ཐོག་མར་རང་ཚང་གི་ར་བའི་ནང་དུ་གཙུག་ལག་ཁང་དོད་ཙམ་ཞིག་བཞེངས་ཏེ་དེས་ཆོག་གམ་ཞུས་པས། བླ་མས་མི་ཆོག་གསུངས། འོ་ན་སྔར་དཀར་ཕྱོགས་ལེན་སའི་ལྷ་ཁང་དེ་དགོན་པར་བསྒྱུར་ན་ཆོག་གམ་ཞུས་པས། དེས་ཆོག་རྒྱུ་བྱེད། དགོན་པ་དེའི་མཚན་ལ་ངེས་དོན་ཆོས་འཁོར་གླིང་ཐོགས་གསུངས། ཆོས་ལུགས་གང་ཞིག་བྱེད་ཞུས་པས། ཆོས་ལུགས་ནི་དཔལ་ཀརྨ་པ་ཐེགས་མཆོག་རྡོ་རྗེའི་བཀའ་ཇི་ཕེབས་བཞིན་གྱིས་གསུངས་པ་ལྟར་མཚུར་མདོ་བོ་ལུང་དུ་ཁྱད་དུ་བྱོན་ནས་བཀའ་བསྐོར་ཞུས་པའི་ཚེ། དཔལ་རྒྱལ་བའི་དབང་པོའི་ཞལ་སྔ་ནས། དགོན་པ་དེ་བྱམས་མགོན་སི་ཏུ་རིན་པོ་ཆེའི་ཐུགས་བཞེད་ལྟར་བཏབ་པ་ཞིག་ལགས་པས་ཆོས་ལུགས་དེ་ཀཾ་ཚང་ལྟར་བྱེད་དགོས་དགོས་འདྲ་ཡང་། དེ་སྐོར་དུ་འབའ་རོམ་གྱི་དགོན་པ་མང་དག་ཅིག་མཆིས་པས་ཁྱོད་ཀྱང་ཆོས་རྒྱུད་འབའ་རོམ་ལྟར་གྱིས། དགོན་པ་དེ་ལ། གསང་ཆེན་ཆོས་གླིང་ཞེས་ཐོགས་གསུངས་པས། རྒྱལ་བ་ཡབ་སྲས་ཟུང་ནས་དགོང་པ་གཅིག་མཐུན་གྱིས་གནང་བའི་དགོན་མིང་ལ་ཆོས་གླིང་དགོན་ཞེས་སུ་ཆགས་པའོ། ཆོས་ལུགས་ཀྱང་རྒྱལ་དབང་ཐེག་མཆོག་རྡོ་རྗེའི་བཀའ་བཞིན་མཉམ་མེད་འབའ་རོམ་པའི་སྲོོལ་འཛིན་པ་ཞིག་གོ འདི་ཉིད་ཕྱག་བཏབ་པའི་ལོ་ཚིགས་ལ་ངེས་པ་ཅན་གྱི་གསལ་མ་མཆིས་ཀྱང་། དར་རྒྱས་རྒྱ་མཚོ་དེ་སི་ཏུ་པདྨ་ཉིན་བྱེད་ཀྱི་དངོས་སློབ་དང་ཀརྨ་པ་ཐེག་མཆོག་རྡོ་རྗེའི་སྐུ་དུས་ཡིན་པ་ལ་གཞིགས་ན། ཕྱག་བཏབ་ནས་ད་ལྟའི་བར་ལོ་ཆིག་བརྒྱ་ལྔ་བཅུ་ལྷག་ཡིན་ཚོད། དེ་ནས་དར་རྒྱས་རྒྱ་མཚོ་ནི། བླ་མཁྱེན་གཡུ་རུ་ཚུལ་ཁྲིམས་ཞུ་བ་ཞིག་བཞུགས་པ་དེ་ལ་དགོན་པ་གཏད་ནས་འཛིན་སྐྱོང་ལེགས་པར་མཛད་དགོས་ཚུལ་གྱི་ཞལ་སློབ་ཞིབ་པར་གནང་། ཁོང་ནི་སྐུ་ཚེའི་སྨད་དུ་རཱ་ཛ་རྫོང་མགོར་ནང་ཆེན་རྒྱལ་པོའི་སྐུ་རིམ་དུ་ཚེ་སྒྲུབ་ཁང་ཞིགཡོད་པ་དེར་སྒྲུབ་པ་ལ་བཞུགས་པས། དེར་སྐུ་ཚེའི་འདུ་བྱེད་མཐར་ཕྱིན་རེག་བར་ཚེ་དང་སྒྲུབ་པ་མཉམ་པར་མཛད། མཐར་དགུང་གྲངས་དོན་གསུམ་ཐོག་སྐུ་གཤེགས། སྐུ་གཤེགས་ཁར་བླ་མཁྱེན་ཚུལ་ཁྲིམས་སྐུ་མདུན་དུ་བྱོན་ནས་ཡང་སྲིད་འབྱོན་དགོས་ཚུལ་གྱི་རེ་བ་ནན་ཞུས་བྱས་པས། བླ་མ་ང་ཡིས་མི་ལུས་ཤིག་ཨི་ཐོབ་ཀྱང་མི་ཤེས་ཐོབ་དུ་སྲིད་ཀྱང་། གཅེས་ཕྲུག་ཅིག་གིས་དགོན་པའི་ཉམས་ལ་ཡང་ཕན་པ་དཀའ། དེ་བས་ངེད་ཚང་གི་བུ་ཞིག་གྲར་མགོར་ཞོགས་གསུངས། ཕྱིས་ཡང་སྲིད་རྩད་གཅོད་བྱས་པ་ན། ཀརྨ་པ་ཐེག་མཆོག་རྡོ་རྗེ་ནས། སྐུ་གོང་མའི་ཡབ་ཚང་གཡུ་རུ་སྔགས་རྒྱུད་ཚང་དུ་སྲས་ལྕམ་སྲིང་དྲུག་ཡོད་པའི་ཐ་ཆུང་དེ་བླ་མ་གོང་མའི་ཡང་སྲིད་དུ་ལུང་འཛིན་མཛད། མཚན་ཆོས་དབྱིངས་རྒྱ་མཚོ་བསྩལ། ཆོས་ཀྱི་ཁྲི་ལ་བཞུགས་སུ་གསོལ། གེ་ཆགས་ཚངས་དབྱངས་རྒྱ་མཚོ་སོགས་དམ་པ་དུ་མའི་ཞབས་ལ་གཏུགས། དགོན་པ་འདི་ཉིད་སྐྱོང་བཞིན་བཞུགས་པར་མཛད། མཐར་དགུང་གྲངས་དྲུག་ཅུ་རེ་གཅིག་ཐོག་སྐུ་གཤེགས། ༐ དེ་ཡི་ཡང་སྲིད་སྐུ་ཕྲིང་གསུམ་པ་ནི། ལྕི་ཆུ་ས་ར་ཚང་དུ། ཡབ་ས་ར་བདུན་འདུལ་ཆོས་འཕེལ་ལམ་ས་ར་བདུན་ཆོས་དང་། ཡུམ་བྱ་བཟའ་བདེ་སྒྲོན་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོར་སྐུ་འཁྲུངས། ཀརྨ་པ་རིག་པའི་རྡོ་རྗེ་མཆོག་ནས་བླ་མ་གོང་མའི་ཡང་སྲིད་དུ་ལུང་འཛིན་མཛད། མཚན་ཀརྨ་ལེགས་བཤད་བསྟན་པའི་རྒྱལ་མཚན་དུ་བསྩལ། ཆོས་ཀྱི་ཁྲི་ལ་མངའ་གསོལ། ཚངས་གསར་བླ་མ་བློ་གྲོས་རིན་ཆེན་གྱི་མདུན་ནས་འབའ་རོམ་གྱི་ཆོས་ཀ་ཡོངས་རྫོགས་ཀྱི་དབང་དང་གདམས་པ་གསན་ནས་ཉམས་བཞེས་མཐར་ཕྱིན་མཛད། བླ་མ་འདི་པས། རརྣའི་ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་རྩ་རྒྱུན་འཇག་དང་། ཚེས་བཅུའི་སྒྲུབ་འཆམ་གྱི་སྲོལ་གསར་དུ་གཏོད། བླ་བྲང་འཛུགས་པ་དང་། གཟིས་ཕ་་་ནོར་མ་་་ཡང་ཡོད་པར་མཛད། འདི་དུས་སུ་གྲྭ་པ་བདུན་ཅུ་ལྷག་ཡོད་པས་བསྟན་པ་སྔར་ལས་དར་རྒྱས་ཆེ་བ་བྱུང་། མཐར་སྤྱི་ལོ་་་༡༩༥༨་་་ལོར་དུས་ཟིང་སྐབས་ཉེན་བྱོལ་མཛད་ནས་བོད་ལྗོངས་ནག་ཆུ་ཁར་བྱོན་པས་སྤྱི་ལོ་་༡༩༥༩་་ལོར་དེར་སྐུ་གཤེགས། སྐུ་ཆུང་དུས་ནས་སྲོག་བཅད་པའི་ཤ་ཁྲག་ལྗགས་ལ་མི་ལེན་པ་ཞིག་ཡིན་པས། སྐུ་གཤེགས་པའི་སྔ་ནུབ་ཏུ། ད་ཉ་དང་སྦལ་ལྕོང་སོགས་ཀྱི་ཤ་ཡང་ཟ་དགོས་ཐུག་ཉེན་གདའ། འཆི་ནུས་མི་ཡོད་ན་འཆི་རན་པ་ཡིན་གསུངས། དེ་ནུབ་དེར་གཟིམ་པ་ལས་ཕྱི་ཉིན་ནང་པར་སྐུ་སྙུང་ཚུལ་ལྟ་བུ་གཏན་ནས་མེད་པར། ཉི་མ་ཤར་བ་དང་སྐུ་གཤེགས་པར་གྱུར། ནམ་མཁའ་ནས་འཇའ་ཤར་བ་སོགས་ངོ་མཚར་བའི་རྣམ་པ་མང་པོ་དེར་ཡོད་སྐྱེ་བོ་དུ་མའི་སྤྱོད་ཡུལ་དུ་གྱུར་པས་ཀུན་གྱི་རྒྱུད་ལ་དད་པའི་ས་བོན་བཞག །།