ཚང་གསར་སྤྲུལ་སྐུ་ཀུན་དགའ་གཞོན་ནུ་ངོས་སྤྲོད།
རྣམ་དག་ཚུལ་ཁྲིམས་གཙང་མས་ཐུགས་རྒྱུད་ལེགས་པར་བལྟམས་པའི་མཆོག་སྤྲུལ་ཀུན་དགའ་གཞོན་ནུ་གང་ཉིད་ནི། ཡབ་རྗེ་བླ་མ་འགྱུར་མེད་རྡོ་རྗེ་དང་ཡུམ་འཆི་མེད་གཉིས་ཀྱི་སྲས་སུ། སྤྱི་ལོ(༡༩༧༣།༨།༥) ལོར་དམ་པའི་མངོན་རྟགས་དུ་མ་དང་བཅས་སྟེ་སྐུ་འཁྲུངས། ཁོང་ནི་ཁམས་ཀྱི་ནང་ཡ་གཉིས་ལས་ནང་པ་ཚང་གསར་བའི་གདུང་བརྒྱུད་དྲི་མ་མེད་པ་ཞིག་ཡིན་ལ། དེ་བས་མི་རྣམས་ཀྱིས་ཀྱང་དུས་རྒྱུན"ཚང་གསར་སྤྲུལ་སྐུ"ཞེས་མཚན་ནས་འབོད་ཀྱིན་ཡོད།
གདུང་བརྒྱུད་འདིའི་ཆེ་བ་གཙོ་བོ་ནི་༧དཔལ་གསང་བ་ལུས་མེད་རྡོ་རྗེ་ནས་བཟུང་། ཡབ་རྗེ་བླ་མ་འགྱུར་མེད་རྡོ་རྗེ་ལ་ཐུག་གི་བར། བཀའ་བརྒྱུད་བསྟན་པའི་བདག་པོ་འཛམ་གླིང་གྲགས་པ་དྭགས་པོ་ཟླ་འོད་གཞོན་ནུའི་ཐུགས་ཀྱི་སྲས་མཆོག། རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་གི་བསྟན་པའི་ཉི་མ་འདྲེན་པའི་ཤིང་རྟ་ཆེན་པོར་གྱུར་བས། གདུང་བརྒྱུད་འདི་ལ"ཚང་གསར་ལྷ་ཡི་གདུང་བརྒྱུད"ཅེས་འབོད་པ་ཡང་མིང་དོན་མཚུངས་པའི་ཁྱད་མིང་ཞིག་ཡིན་པར་སུས་ཀྱང་སྙོན་དུ་མེད། དེ་བས་ཡབ་མེས་ཀྱི་གདུང་རབས་གོང་མ་རྣམས་ལ་ཕྱིར་རྟོགས་བྱས་ན། མཁས་གྲུབ་གཉིས་ལྡན་གྱི་དམ་པ་བར་མེད་དུ་བརྒྱུད་ནས་འོང་ལ། དུས་ཕྱིས་ཡུལ་གྱི་བླ་དཔོན་གཉིས་ཀའི་གོ་གཅིག་ཆོད་དུ་མཛད་པ་ཡང་དུ་མ་ཞིག་བྱུང་བས། དེང་གི་ཆར་ཡང་ཁོང་གི་ཡབ་གཞིས་ལ"ཚང་གསར་རྣམ་ཚང"ཞེས་འབོད་པ་མ་ཟད། "ལྕི་ཉིན་དཔོན་ཚང"ཞེས་འབོད་པ་ཡང་རྒྱུན་འཇགས་ལྟ་བུར་གྱུར་ཡོད།
དེ་ལྟར་གདུང་རབས་རིན་པོ་ཆེ་གསེར་གྱི་དགུ་ཚིགས་ལྟ་བུ་ཚང་གསར་ཨོ་རྒྱནཆོས་འཕེལ་དང་། གཏེར་ཆེན་མཆོག་གྱུར་གླིང་པའི་སྲས་མོ་དཀོན་མཆོག་དཔལ་སྒྲོན་གཉིས་ཐབས་ཤེས་ཟུང་དུ་འབྲེལ་བའི་བྱིན་རླབས་ཀྱིས། དམ་པ་གང་ཉིད་སྐུ་ཆུང་ངུའི་དུས་ནས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་ཞིང་། ཐུགས་རྗེས་གཞན་རྒྱུད་འདུལ་བའི་ངོ་མཚར་གྱི་སྤྱོད་པ་ཀུན་ཏུ་བརྟན་པར་གྱུར་བས། ཕྱི་ནང་རྐྱེན་ངན་གྱི་རླུང་འཚུབ་གཡོ་བའི་ཟང་ཟིང་གི་རྒྱལ་ཁམས་ཀུན་ནས་ཉུལ་དགོས་བྱུང་རུང་། བསླབ་ཁྲིམས་མིག་འབྲས་བཞིན་དུ་སྲུང་ཞིང་། རྒྱུན་དུ་དཀར་ཟས་ཁོ་ན་ལ་ལོངས་སྤྱོད་པས་རང་ངོས་ནས་ཞེ་ཁྲེལ་མི་དགོས་པའི་རྣམ་པར་དག་པའི་མཛད་སྤྱོད་མངའ་བ་ནི་ངོ་མཚར་ལས་ཀྱང་ཆེས་ངོ་མཚར་དུ་འཛིན་རིགས་སོ།། ཞེས་རིགས་རུས་ཕུན་སུམ་ཚོགས་པའི་ཆེ་བ་རྣམས་ཅུང་ཟད་བརྗོད་ནས། གཤམ་དུ་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཚེའི་མཛད་པ་རྣམས་རགས་རིམ་ཙམ་ཞིག་གླེང་བར་བྱའོ།།
སྐུ་གཞོན་ནུའི་དུས་ནས་བཟུང་ཡི་གེ་འབྲི་ཀློག་སོགས་ལེགས་པར་བསླབས་མཐར། ཚང་གསར་བླ་ཁྱབ་དགོན་དུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོ་ནས་ལོ་གསུམ་ཕྱོགས་གསུམ་ལ་སྐུ་མཚམ་ཚུལ་བཞིན་བཞུགས་པ་དང་། གཏེར་ཆེན་མཆོག་གྱུར་གླིང་པའི་ཆོས་སྐོར་གྱི་དབང་ཁྲིད་ལུང་གསུམ་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསན་བསམ་མཛད་ཡོད། དེ་ཡང་གཏེར་ཆེན་མཆོག་གྱུར་གླིང་པའི་སྲས་མོ་དཀོན་མཆོག་དཔལ་སྒྲོན་ལྕི་ཉིན་ཚང་གསར་དཔོན་ཚང་དུ་བྱོན་པ་ནས་བཟུང་། ཚང་གསར་དཔོན་ཚང་དང་མཁྱེན་ཀོང་མཆོག་གསུམ་བཅས་ཆོས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་གནད་ཀྱིས་ཡིན།
དེ་འཕྲོས་སྐུ་མཚམས་ལས་གྲོལ་ནས་རང་དགོན་ཚང་གསར་ལྷ་ལམ་དགོན་དུ་ཞབས་ཀྱིས་བཀྱག་ནས། སྡེ་དགོན་གཉིས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་བ་དང་ལྷན། ཚང་གསར་བདེ་མོ་དགོན་གྱི་བླ་མ་སངས་རྒྱས་གྲགས་པ་གཙོས། འབའ་རོམ་པའི་སྐྱེས་ཆེན་དུ་མའི་མདུན་ནས་འབའ་རོམ་ཆོས་སྐོར་ཡོངས་ལ་བསན་བསམ་མཐར་ཕྱིན་གནངས། སྐབས་དེར་པར་སྤུངས་ཏཱ་ཡི་སི་ཏུ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས། ཚང་གསར་ཆོས་གླིང་དགོན་གྱི་བསྟན་བདག་སྔགས་བརྒྱུད་དར་རྒྱས་རྒྱ་མཚོའི་ཡང་སྲིད་དུ་ངོ་འཛིན་གནང་ཞིང་། ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པཎ་གསོལ་མཛད་པ་ནས་བཟུང་། ཚང་གསར་ལྷ་ལམ་དགོན་གྱི་གདུང་བརྒྱུད་ཀྱི་བླ་མ་དང་། ཚང་གསར་ཆོས་གླིང་དགོན་གྱི་སྤྲུལ་སྐུའི་སྐྱེས་ཕྲེང་མཛད་ནས་དགོན་པ་དེ་གཉིས་ཀྱི་བསྟན་བདག་དུ་གྱུར་ཡོད། དམ་པ་ཁོང་ནི་སྐྱབས་རྗེ་དེར་ཡག་ཟླ་བཟང་རིན་པོ་ཆེའི་སྐུ་མདུན་ནས་ཚིགས་སྔ་མ་རབ་བྱུང་དང་། ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་རྣམས་ཚུལ་བཞིན་བཞེས་ནས། དམ་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བཞུགས་ཡོད།
དེ་ནས་སྔོན་དུས་འགྱུར་སྐབས་སུ་ཁོང་གི་མེས་པོ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་ནས། མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་བྱེས་ཀྱི་དགོན་པ་ཕྱག་བཏབ་ནས་བཞུགས་པ་སོགས་ལ་བརྟེན། ཁོང་ཡང་རིམ་བཞིན་སྤྱི་ལོ (༡༩༩༣) ལོར་བལ་ཡུལ་དུ་ཕེབས་པས་སྤྲུལ་སྐུ་ཨོ་རྒྱན་ཡབ་སྲས་རྣམས་ཀྱིས་ཐུགས་བརྩེ་ཆེན་པོས་བདག་སྐྱོང་གནང་བ་དང་། མ་ཟད་ཁོང་རྣམས་ཀྱི་མདུན་ནས་དབང་དང་གདམས་ངག་ཟབ་མོ་རྣམས་ཞུ་བའི་སྐལ་བཟང་ཐོབ་ཡོད། བཀའ་རྙིང་བཤད་སྒྲུབ་གླིང་དུ་བཤད་གྲྭར་ལོ་མང་རིང་ཐོས་བསམ་མཛད་པ་དང་། གྲུ་དབང་པདྨ་ནོར་རིན་པོ་ཆེ་དང་། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། ཞ་དེའུ་འཁྲུལ་ཞིག་རིན་པོ་ཆེ། མཁན་ཆེ་པདྨ་ཚེ་དབང་། མདོ་མང་གཡང་ཐང་རིན་པོ་ཆེ་སོགས་ཀྱི་མདུན་ནས་བསྔ་འགྱུར་རྙིང་མའི་ཆོས་བསྐོར་རྣམས་མང་དུ་གསན།
སླར་ཡང་ (༡༩༩༨) ལོར་བོད་ལ་ཕེབས་ནས་ཚང་གསར་ལྷ་ལམ་དགོན་དང་། ཚང་གསར་ཆོས་གླིང་དགོན་གཉིས་ལ་ཕྱི་གཙུག་ལག་ཁང་དང་ནང་སྐུ་གསུང་ཐུག་རྟེན་རྣམས་སྔར་ལས་རྒྱ་བསྐྱེད་གནང་བ་དང་། དེ་ནས་གསེར་རྟ་བླ་རུང་དུ་བྱོན་ནས་མཁན་ཆེན་འཇིག་མེད་ཕུན་ཚོགས་མཆོག་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། མཁན་ཆེན་འཆི་མེད་རིགས་འཛིན་གཙོས་བོད་ལ་བཞུགས་པའི་སྐྱེས་ཆེན་མང་པོའི་མདུན་ནས་གཞུང་ཆེན་ཁག་ལ་བསན་བསམ་མཛད།
དེ་ནས་སླར་ཡང་ (༢༠༠༡) ལོར་བལ་ཡུལ་དང་རྒྱ་གར་ཕྱོགས་སུ་བྱོན་ནས། རྒྱལ་དབང་བཅུ་བདུན་པ་ཆེན་པོ་དང་། བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་ཡོང་དགེ་མི་འགྱུར་རིན་པོ་ཆེ། གྲུབ་དབང་སངས་རྒྱས་གཉན་པ་རིན་པོ་ཆེ། མཁན་ཆེན་ཁྲ་མགུ་རིན་པོ་ཆེ། མཁན་ཆེན་ཚུལ་ཁྲིམས་རྣམ་དག་སོགས་རིས་མེད་ཀྱི་སྐྱེས་ཆེན་མང་པོའི་མདུན་ནས་ཕྱག་རྒྱ་ཆེན་པོ་གཙོས་པའི་སྨིན་གྲོལ་གྱི་གདམས་ཟབ་མང་པོ་ཞུ་བ་དང་ཉམས་སུ་ལེན་པའི་སྐལ་བཟང་མངོན་དུ་གྱུར། དེ་ནས་རིམ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཕེབས་ནས་གཙོ་བོ་སྐུ་མཚམ་དང་། མཚམས་རེར་ཞོར་དུ་དབྱིན་ཡིག་སོགས་སྦྱང་པ་གནང་བ་མ་ཟད། བོད་ལ་ཡོད་པའི་ཚང་གསར་ཀརྨ་བསྟན་སྐྱོང་གིས་ཕྱག་བཏབ་གནང་བའི་གདུང་བརྒྱུད་ཀྱི་དགོན་པ་ཚང་གསར་ལྷ་ལམ་དགོན་དང་། སྤྲུལ་བརྒྱུད་ཀྱི་དགོན་པ་བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་ཉི་བྱེད་དབང་པོའི་དངོས་སློབ་སྔགས་བརྒྱུད་དར་རྒྱས་རྒྱ་མཚོའི་ཕྱག་བཏབ་གནང་བའི་ཚང་གསར་ཆོས་གླིང་དགོན་གཉིས་ཀྱི་བསྟན་པར་ཞབས་ཞུ་དང་དེ་བཞིན་དགོན་སྡེ་རྣམས་ལ་བཀའ་སློབ་ལམ་སྟོན་གྱིས་གཟིགས་པ་བདག་སྐྱོང་གནང་བཞིན་བཞུགས་པའོ། གྲུབ་དབང་ཚོགས་གཉིས་རིན་པོ་ཆེའི་ཚང་གསར་སྤྲུལ་སྐུ་ཁྱེད་ཀྱི་ལོ་རྒྱུས་གཅིག་དགོས་ཀྱི་འདུག་གསུང་སོང་པས་དེ་བསྟན་པ་རབ་རྒྱས་ཁྱེད་རང་བྲིས་ཤོག་གསུང་པ་བཞིན་གཏེར་སྒར་དགོན་གྱི་དཔེ་ཁྲིད་རྒན་གྲྭ་བསྟན་པ་རབ་རྒྱས་ནས ༠༨/༢༥/༢༠༡༩ བྲིས་པའོ།།
